Saturday, 24 November 2012

ནོར་བ་རེད།





ཆོས་ལུགས་ཁ་འདོན་ཙམ་བྱེད་པའི་དད་ཞེན་མཐོན་པོ་ཅན།།
བསྟན་པ་ཆོ་ག་ལ་འཕྲུལ་བའི་རྨོངས་བའི་མགོ་བོ་ཅན།།
ཐུབ་པའི་གཞུང་ལུགས་ལ་བལྟ་བའི་ཚུལ་དེ་ནོར་བ་རེད།།
སྟོན་པའི་ངོ་གདོང་ལ་གཞལ་བའི་ཚད་དེ་འཆུག་པ་རེད།།

མི་ཆོས་ལོག་སྤྱོད་དུ་བསམ་པའི་སྐྱ་བོ་ཆོས་སྨྲ་བ།།
འཁོར་བ་སྡུག་བསྔལ་ལ་སྒོམ་པའི་རང་གཟུགས་ཡ་མ་བརླ།།
འཇིག་རྟེན་ལྟ་ཚུལ་གྱི་འདུ་ཤེས་རྩ་ནས་ནོར་བ་རེད།།
མི་གཤིས་བསམ་བློའི་རྒྱ་ཁྱོན་དེ་ཧ་ཅང་ཆུང་བ་རེད།།

ལྷ་ཆོས་རྙིང་བ་རུ་འཛིན་པའི་བསམ་བློ་དག་མོ་ཅན།།
ཆོས་ལུགས་དོར་བྱ་རུ་སྒྲུབ་པའི་སུན་འབྱིན་མཁན་པོ་གཅིག།
ཀུན་ཕན་སེམས་ཁམས་ཀྱི་འདུ་ཤེས་གཏན་ནས་མེད་པ་རེད།།
དཔྱོད་ཤེས་བློ་མིག་གིས་སྙིང་སྟོབས་རྩ་ནས་ཞ་བ་རེད།།

ཆབ་སྲིད་འགལ་འདུ་ལ་རྨོངས་བའི་འཐབ་རྩོད་མཁན་པོ་གཅིག།
རང་བཙན་སེམས་ཤུགས་ལ་བཅོལ་བའི་སྒྱིད་ལུགས་ཅན་དེ་གཉིས།།
མི་རིགས་འཐབ་རྩོད་ཀྱི་ཁ་ཕྱོགས་རྩ་ནས་ནོར་བ་རེད།།
རིགས་ཞེན་འདུ་ཤེས་ཀྱི་ལ་རྒྱ་དངོས་ནས་རྫུན་མ་རེད།།

མཐོན་པོའི་ངོ་སོ་ཙམ་སྲུང་བའི་ཆུ་ཡི་རྔ་མ་ཅན།།
གཉོམ་ཆུང་དགྲ་བོ་ལྟར་བཀུར་བའི་ལྡང་ཟུག་མཁན་པོ་དེས།།
མི་གཤིས་ཀུན་སྤྱོད་ཀྱི་འཁྱེར་སོ་གཏན་ནས་འཆུག་པ་རེད།།
རང་གི་མི་གཞིའི་རིན་ཐང་དེ་རྩ་ནས་བརླགས་པ་རེད།།

མཚན་མོག།








ཁུ་སིམ་མེར་རང་ཉིད་ལ་   དབང་བའི་མངའ་ཐང་དེར་
ཚང་རྩིས་ཞིབ་མོ་ཞིག་བརྒྱབ་རྗེས་
ཁ་གཏད་ཀྱི་འབྲི་དེབ་ལ་བཀོད་པར་འདོད་ཀྱང་
ཀླད་ཁོལ་སུ་འཐིམ་ཡོང་བཞིན་པ་འདྲ་བའི་
མཚན་མོག་དེས
དབང་རྩ་ཡོད་ཚད་དམ་དུ་བཅང་བའི་
ལག་སྙོབས་ཇི་ལྟར་བྱས་ཀྱང་    མཚན་མོག་གི་རྒྱ་ལས་ཐར་ཐབས་མ་རྙེད
དྲ་ཡོལ་གྱི་ཕྱེད་ངོས་ན་    དཀར་འོད་འཚོལ་བའི་སྲིན་འབུ་ཚོས་
ཇི་ལྟར་བྲེལ་འཚུབ་ཀྱིས་ལྡིང་ཀྱང་
མཚན་མོག་གི་འཇིག་སྣང་སྔར་བཞིན་རང་འཇག་རེད།

ཚང་རྩིས་ཤིག་བརྒྱབ་ན།


ངའི་བན་པོ་ཚོར་སྐྱེས་སྟོབས་ཀྱི་དཔའ་ཕྱུག་ཅིང་
འགྲན་སྟོབས་ཀྱི་བློ་མངའ་བའི་སུམ་གཉིས་ས་ལ་
                    དབང་བསྒྱུར་མཛད་མྱོང་།

ངའི་མེས་པོ་ཚོར་སྦྱངས་སྟོབས་ཀྱི་བློ་མིག་ཕྲ་ཞིང་
རིག་སྟོབས་ཀྱི་དཔལ་འབར་བའི་ས་ཆེན་གྱི་ངོ་གདོང་ལ
                  ཐམ་ཀ་བརྒྱབ་མྱོང་།

ང་ལ་རྒྱལ་ཞེན་འདུ་ཤེས་ཀྱི་བློས་འཕོངས་ཤིང་
མི་གཤིས་སྒལ་ཚིགས་ཀྱི་སྲོག་མེད་པས་
             ངས་བོད་བཙན་པོའི་གདུང་རྒྱུད་འཚོལ་མ་ཐུབ།

ང་ལ་འབད་བརྩོ་ཧུར་ཐག་གིས་ཉམས་ང་ཞིང་
བསམ་གཞིགས་བློ་མིག་གིས་རུས་པ་མེད་པས།
          ངས་བོད་མེས་པོའི་ཞབས་རྗེས་སྙེགས་མ་ཐུབ